Skip to main content

སེང་ཆེན་བསྟོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།

མཛད་པ་པོ།: མཁན་ཆེན་འཇིགས་མེད་ཕུན་ཚོགས།



ན་མོ་གུ་རུ་ཨ་ཛི་ཏ་ཡེ། 


རླབས་ཆེན་ཚོགས་ཟུང་རྟ་བདུན་གྱིས་བསྐྱོད་དེ།།

ཕྲིན་ལས་ཕན་བདེའི་འོད་སྟོང་སྤྲོ་བས་ནི།།

སྙིགས་ལྔའི་མུན་ཚོགས་གཞོམ་དང་ཆབས་ཅིག་ཏུ།།

ཐུབ་བསྟན་འདབ་སྟོང་བཞད་མཛད་སེང་ཆེན་རྗེ།།


གདོང་བཞི་པ་དང་མིག་སྟོང་ལྡན་པ་ཡང་།།

ཁྱོད་སྐུ་ཉིན་བྱེད་གམ་ན་མེ་འཁྱེར་བཞིན།།

རིན་ཆེན་བདུན་གྱིས་ནོར་འཛིན་སྐྱོང་བ་རྣམས།།

གང་གི་དཔལ་ལ་འགྲན་པའི་དམ་བཅའ་ལྷོད།།


སྲིད་འདིར་མངོན་པར་མཐོ་བའི་ཆེ་དགུ་དག།

མངའ་ཐང་དབྱར་རྔས་ལྷ་ལམ་འགེངས་པ་ཡང་།།

འཆི་བདག་དྲུང་ན་ཁེངས་པའི་རི་བསྙིལ་ཏེ།།

འདར་བཞིན་མཆི་མས་བརྣངས་ནས་གནས་མོད་ཀྱང་།།


འཁོར་གསུམ་རྒྱན་གྱིས་མཛེས་པའི་དཔའ་བོ་ཁྱོད།།

མཐོང་བའི་མོད་ལ་གཤིན་རྗེས་ཁྲོ་གཉེར་སྦས།།

འཛུམ་བཅས་ཕྱག་གིས་བཏུད་པའི་དེ་མ་ཐག།

རབ་འབར་དམྱལ་ཁམས་མངོན་དགའི་ཞིང་དུ་བསྒྱུར།།


ལུས་ཀྱིས་མ་བསྐུལ་ངག་གིས་རྦད་མིན་ཡང་།།

ཡིད་ལ་བརྣག་པའི་དགྲ་བགེགས་དཔུང་ཚོགས་ལ།།

ཅིར་ཡང་སྤྲུལ་ནས་བསད་བསྐྲད་བགྱིད་པ་འདི།།

ཁྱོད་དང་ལྷ་དབང་མཚོན་གྱི་ཐུན་མོང་ཆོས།།


ཟག་ཕུང་རྒྱུ་བ་ཡོང་ཡེ་མི་མངའ་ཞིང་།།

མཐའ་ཀླས་འགྲོ་བློའི་རྗེས་འགྲོ་ཚངས་དབྱངས་ཅན།།

བསད་ཚད་གདུང་བྲལ་བདེ་ཆེན་དཔལ་སྟེར་བ།།

སུས་ཀྱང་འགྲན་བྲལ་ཁྱོད་ཀྱི་རྣོ་ངར་མཚོན།།


སྡང་མིག་གཡོ་བས་སྲིད་གསུམ་གཏོར་བ་སོགས།།

དྲེགས་པའི་སྡེ་དཔོན་གཞན་དང་མཐུན་མོད་ཀྱང་།།

རྡུལ་གཅིག་ཁྱོན་ལ་རྡུལ་སྙེད་ཞིང་བཀོད་ཅིང་།།

བསྐལ་མང་སྐད་ཅིག་བསྒྱུར་ནུས་ཁྱོད་མིན་སུ།།


རྗེ་ཁྱོད་འཕོ་མེད་ཡེ་ཤེས་རྡོ་རྗེའི་སྐུ།།

རབ་འབྱམས་རྒྱལ་བ་ཀུན་དང་རོ་གཅིག་ཀྱང་།།

འགྲོ་བའི་སྣང་ངོར་དག་དང་མ་དག་པའི།།

སྒྱུ་འཕྲུལ་རོལ་མོ་འཆར་བའི་ཐབས་མཁས་ངོམ།།


འདོད་ལྷ་སྙིང་དབུས་གབ་པ་བདུད་ཀྱི་སྡེས།།

རང་ནུས་གཏིང་སྤྲུགས་བྱས་ཏེ་རྒོལ་བའི་ཚེ།།

དེ་ལ་འཚམ་པའི་སྟོབས་དང་རྫུ་འཕྲུལ་གྱིས།།

ལན་མེད་མོག་པོར་བྱ ས་པའང་ངོ་མཚར་མོད།།


ཁམས་གསུམ་ལྟོ་བར་སྦྲུམ་པའི་ལས་ཅན་ཚོགས།།

གཅིག་ཀྱང་ལྷག་མེད་དུས་གཅིག་མནར་བའི་དགྲ།།

བདུད་བཞི་བདག་མེད་མཚོན་གྱིས་ཡུད་ཙམ་ལ།།

སྐྱེ་མེད་ཀློང་དུ་བརླགས་པ་ཤིན་ཏུ་མཚར།།


ཟག་ཟད་ཐུགས་ཀྱི་མཁའ་ཀློང་ཡངས་པ་ནས།།

སྲིད་ཞིའི་དགེ་ལེགས་ཆར་དུ་བསྙིལ་བྱས་ཏེ།།

སྐད་ཅིག་རེར་ཡང་གྲངས་མེད་རྒྱ ལ་ཀུན་མཆོད།།

མ་ལུས་འགྲོ་བའི་རེ་བ་སྐོང་མཛད་ན།།


འཛམ་གླིང་ཐ་གྲུར་འཁོད་པའི་ནོར་སྣ་འགའ།།

བསིལ་ལྡན་བསྟན་འགྲོའི་གསོས་སུ་དྲངས་པ་འདི།།

ཧ་ཅང་ཅི་མཚར་ཆེས་སྙིགས་འགྲོ་ངོ་ལ།།

སྣང་བར་ནུས་པའི་རྣམ་ཐར་ཆ་ཤས་ལགས།།


སྣང་སྲིད་ལྷ་སྲིན་དྲེགས་པ་སྡེ་བརྒྱད་ཚོགས།།

ཁྱེད་སྐུའི་རྒྱན་ཆའི་གཟུགས་སུ་རྫུར་ཞུགས་ནས།།

རབ་འབྱམས་ལས་ཀུན་ལྷོད་མེད་སྒྲུབ་ལ་ལྟོས།།

ལྷར་བཅས་འགྲོ་བས་འདུད་པ་ལོས་ཀྱང་འོས།།


ཤིན་ཏུ་གདུལ་དཀའ་ལྔ་བདོའི་འགྲོ་བ་རྣམས།།

སྙིང་སྟོབས་ཐུགས་རྗེས་འདོར་བ་མིན་བཞིན་ངང་།།

ཞི་དང་དྲག་པོའི་རོལ་རྩེད་འབུམ་ཕྲག་གིས།།

རྒྱལ་བསྟན་མེ་རོ་སློང་བ་ཁྱོད་གཅིག་ཙམ།།


རིགས་གསུམ་གཅིག་བསྡུས་པདྨ་རྒྱལ་པོ་ཉིད།།

བགྲེས་རྒུད་གཞོམ་བྲལ་དགྲ་བླའི་སྐུར་བཞེངས་ནས།།

བོད་འདིར་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར།།

བསྟན་དང་བསྟན་འཛིན་སྐྱོང་བའི་བཀའ་དྲིན་ཅན།།


སྐུ་གཅིག་འཕྲུལ་མཚན་སྟོང་གི་གཟུགས་བསྒྱུར་བ།།

མ་འོངས་རིགས་ལྡན་སྟོན་འཁོར་ཚུལ་བཟུང་ནས།།

གསང་ཆེན་བསྟན་པ་སླར་ཡང་གསལ་བྱེད་ཅིང་།།

འབྲེལ་ཚད་མཁའ་སྤྱོད་དག་པའི་ཞིང་དུ་འདྲེན།།


མཚན་དཔེའི་མཛེས་པ་འཕོ་ཆེན་འོད་ཀྱི་སྐུ།།

མདོ་སྨད་གླིང་ཡུལ་མཐོང་བ་ཀུན་སྨོན་འདིར།།

ད་ལྟའི་དུས་ནའང་མངོན་སུམ་བཞུགས་ལགས་ཕྱིར།།

ཅུང་ཟད་ལས་སྒྲིབ་སྲབ་པ་སུས་ཀྱང་མཇལ།།


གང་གི་རྣམ་ཐར་མཛད་པའི་བཀོད་པ་ཡང་།།

གཅིག་ཏུ་མ་ངེས་མི་རེས་གླུ་རེ་ལེན།།

ཟབ་མོའི་གཏེར་ཁ་རེ་བཞིན་སྣང་བ་ཡང་།།

ཐམས་ཅད་བདེན་ཏེ་སྤྲུལ་བསྒྱུར་ཚད་བཟུང་བྲལ།།


དུས་འདིར་བསྟན་འཛིན་མཆོག་དང་སྦྱིན་བདག་སྡེ།།

ཆོས་བཞིན་སྤྱོད་པ་ཕལ་ཆེར་ཁྱོད་ཀྱི་སྤྲུལ།།

མཐའ་ཡི་དམག་གི་ཆུ་རླབས་འཕྱོ་བ་ན།།

རྔུབ་བྱེད་རྟ་གདོང་མེ་དཔུང་ཁྱོད་གཅིག་ལགས།།


ཨ་འཐས་ཞེན་པས་དྲེགས་པ་རང་རྒྱུད་དུ།།

བཟུང་བས་མཆོད་དང་བསྟོད་ལ་བརྩོན་བྱས་ཀྱང་།།

ཚེ་འདིར་སྡེ་བཞིའི་དཔལ་ལ་དབང་འབྱོར་ནས།།

འཕོ་ཚེ་བདེ་ལྡན་ཞིང་དུ་ངེས་པར་འཁྲིད།།


དཔག་ཡས་ཞི་ཁྲོའི་དཀྱིལ་འཁོར་སྤྲོ་བསྡུའི་དཔྱིད།།

ཁྱོད་འགྲུབ་མ་ལུས་རྒྱལ་ཀུན་ཞོར་ལ་འགྲུབ།།

འཇམ་མཉེན་ཕྱག་སོར་སྤྱི་བོར་སོན་མ་ཐག །

བསྐལ་མང་རྙེད་དཀའི་ཏིང་འཛིན་སྒོ་བརྒྱ་འབྱེད།།


ཐུགས་བསྐྱེད་སྨོན་པའི་དུས་ལ་ད་བབ་ཕྱིར།།

རྒྱལ་བ་གཞན་ལས་ཐུགས་རྗེ་ལྷག་པར་མྱུར།།

ཆོས་སྐྱོང་གཞན་ལས་སྒྲུབ་ཐག་ཤིན་ཏུ་ཉེ།།

དྲེགས་པ་གཞན་དང་མི་འདྲ་འཁུ་ལྡོག་མེད།།


ནད་མུག་མཚོན་འཁྲུག་མུན་ཚོགས་དཔུང་བརྗིད་ཚེ།།

གང་གི་ཕྲིན་ལས་ཟླ་འོད་ལྷག་པར་གསལ།།

མཆོག་དམན་བར་མའི་འགྲོ་བ་སུས་བསྟེན་ཀྱང་།།

ཐུགས་རྗེ་ཉེ་རིང་མེད་པར་དུས་ཀུན་སྐྱོང་།།


བླ་མ་ཁྱོད་ཡིན་བྱིན་རླབས་རྒྱ་མཚོའི་མཛོད།།

ཡི་དམ་ཁྱོད་ཡིན་རྣམ་གཉིས་དངོས་གྲུབ་སྟེར།།

མཁའ་འགྲོ་ཁྱོད་ཡིན་རླུང་སེམས་དབུ་མར་སྟིམ།།

ཆོས་སྐྱོང་ཁྱོད་ཡིན་ལས་བཞི་ཐོགས་མེད་སྒྲུབ།།


དེ་ཕྱིར་བསླུ་མེད་སྐྱབས་གནས་གཅིག་ཆོག་ཏུ།།

ཡིད་ཆེས་དད་པས་འབྲལ་མེད་ཁྱོད་བསྟེན་ན།།

གནས་སྐབས་ཡིད་ལ་གང་འདོད་དཔལ་ཐོབ་ཅིང་།།

མཐར་ཐུག་ཁྱོད་དང་དབྱེར་མེད་འགྲུབ་བྱིན་རློབས།།


ཞེས་ཚིགས་བཅད་འབྲས་ཆོས་ཀྱི་གྲངས་ལྡན་འདི་ནི་རང་གིས་བཅོལ་བའི་ཕྲིན་ལས་ངོ་མཐོན་རྟགས་དང་བཅས་ཏེ་བསྒྲུབས་སྐབས་ངོ་མཚར་ནས་བསྟོད་བསྔགས་ཤིག་བྱེད་འདོད་སྐབས་ཉེ་ཆར་བླ་མ་མཛོད་ལྡན་ནས་ཀྱང་དོན་གཉེར་གྱིས་བསྐུལ་བ་ཡིད་ལ་བཅག་སྟེ་ཐོལ་བྱུང་གང་ཤར་ཡུད་ཙམ་ལ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་བྲིས་པ་དགེ བསྟོད་པ་འདི་ཡིས་དགྲ་བླའི་རྒྱལ་པོ་ལ་བསྟོད་ན་དེ་མ་ཐག་བྱིན་རླབས་ཀྱི་མཚན་མ་མཐོང་བར་འགྱུར་རོ།། །།

Comments

Popular posts from this blog

མ་ཎི་བསྐུལ་བའི་ཚིགས་བཅད་སྐྱོ་ཤས་ཀྱི་ལྕགས་ཀྱུ།

རྡོ་གྲུབ་བསྟན་པའི་ཉི་མས་མཛད། ཨོཾ་མ་ཎི་པདྨེ་ཧཱུཾ། སྙིང་རྗེའི་དབང་ཕྱུག་རྒྱལ་བློན་འབངས་མི་དང་།། ལོ་པཎ་སྒྱུ་མའིརོལ་གར་སྣ་ཚོགས་སུ།། བསྟན་ནས་ཞབས་རྡུལ་བཀྲ་ཤིས་ཐིག་ལེ་དང་།། ལེགས་མཛད་བདུད་རྩིའི་འོད་ཀྱིས་བྱིན་བརླབས་པ།།

ཐུགས་རྗེ་ཆེན་པོའི་མ་ཎི་བསྐུལ་བའི་གསོལ་འདེབས།

གཏེར་སྟོན་མཆོག་གྱུར་གླིང་པས་མཛད། ༄༅།  །བོད་ཁམས་བདེ་ཐབས་ཡན་ལག་ཆོས༔ འགྲོ་དོན་མ་ཎི་བསྐུལ་བ་བཞུགས༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པའི་དོན་དུ་ མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདིའི་ནད་ཡམས་འཁྲུག་རྩོད་ཞི་བ་དང་བདེ་སྐྱིད་འཛོམ་པའི་ཕྱིར་དུ་ མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དཔལ་ལྡན་བླ་མ་དམ་པའི་དབང་ཡོན་མཎྜལ་དང་ཡུན་དུ་ཞབས་པད་བརྟན་ཅིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་དོན་དུ་ མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔