རྡོ་གྲུབ་བསྟན་པའི་ཉི་མས་མཛད།
ཨོཾ་མ་ཎི་པདྨེ་ཧཱུཾ།
སྙིང་རྗེའི་དབང་ཕྱུག་རྒྱལ་བློན་འབངས་མི་དང་།།
ལོ་པཎ་སྒྱུ་མའིརོལ་གར་སྣ་ཚོགས་སུ།།
བསྟན་ནས་ཞབས་རྡུལ་བཀྲ་ཤིས་ཐིག་ལེ་དང་།།
ལེགས་མཛད་བདུད་རྩིའི་འོད་ཀྱིས་བྱིན་བརླབས་པ།།
སྙིང་རྗེའི་དབང་ཕྱུག་རྒྱལ་བློན་འབངས་མི་དང་།།
ལོ་པཎ་སྒྱུ་མའིརོལ་གར་སྣ་ཚོགས་སུ།།
བསྟན་ནས་ཞབས་རྡུལ་བཀྲ་ཤིས་ཐིག་ལེ་དང་།།
ལེགས་མཛད་བདུད་རྩིའི་འོད་ཀྱིས་བྱིན་བརླབས་པ།།
གངས་ཅན་ཆོས་ཀྱི་ཡུལ་གྲུར་སྐྱེས་ན་ཡང་།།
ཐུགས་རྗེའི་ཡོན་ཏན་ཆ་ཙམ་མི་དྲན་ཞིང་།།
རིག་སྔགས་རིན་ཆེན་ཚར་གཅིག་མི་འདོན་པའི།།
སྒྱེད་པུ་གསེར་དུ་སོང་བའི་དབུལ་བོ་ཚོ།།
ཐུགས་རྗེའི་ཡོན་ཏན་ཆ་ཙམ་མི་དྲན་ཞིང་།།
རིག་སྔགས་རིན་ཆེན་ཚར་གཅིག་མི་འདོན་པའི།།
སྒྱེད་པུ་གསེར་དུ་སོང་བའི་དབུལ་བོ་ཚོ།།
ལྟོས་དང་དུས་ངན་སྙིགས་མའི་མཚང་ལ་ཕར།།
རྟོག་དང་ལེ་ལོས་རུལ་བའིརང་རྒྱུད་ཚུར།།
སོམས་དང་འཇིག་རྟེན་ཕྱི་མའི་གྲོ་བརྒྱགས་འདངས།།
ཁེབ་ཚེ་གཞན་ན་མེད་ཀྱིས་མ་ཎི་ཐོན།།
ཚེ་གཅིག་འདུག་ཆུས་དགོས་པས་མི་ཁོམ་ཟེར།།
ལོ་བརྒྱའི་ཤོམ་ར་སྒྲིག་པའི་འདང་རྒྱགས་དང་།།
གདོང་ཐུག་འཆི་བ་བྱུང་ཚོར་ཕར་ལྟོས་དང་།།
འདུག་ལོང་ཅི་ཡོད་མི་ཤེས་མ་ཎི་ཐོན།།
མཐོན་པོ་རང་སྲོག་ཐོབ་ཀྱིས་བཅད་པ་མང་།།
ཕྱུག་པོ་འཚོ་སྐྱོང་བྲེལ་བས་ཚེ་གང་འཛད།།
འཕན་པོའི་བུ་རྒྱུད་ཕལ་ཆེར་རང་རྡུང་ལྕགས།།
འདི་སྣང་སྙིང་པོ་ཅི་འདུག་མ་ཎི་ཐོན།།
ཆེན་པོའི་སྙན་གྲགས་འཛའ་ལྟར་དེངས་ནས་གདའ།།
གཙོ་བོའི་འདུན་ཁང་སྟོང་པར་བསྒྱུར་ནས་སོང་། །
ཁེ་བའི་ཚེ་བསོགས་གཞན་གྱིས་སྤྱོད་ཅིང་འདུག།
དོན་མེད་རང་མགོ་མ་སྐོར་མ་ཎི་ཐོན།།
བྱ་བཞག་བསམ་པའི་དོན་སྟེང་སོང་བ་དཀོན། །
སོང་ཡང་འདོད་ཁ་གང་བའི་དུས་མི་འབྱུང་།།
བྱས་པས་ལས་རྫོགས་འཇིག་རྟེན་དཔེ་ལ་མེད།།
ཟིན་མེད་ངལ་བ་སྤོང་ལ་མ་ཎི་ཐོན།།
བཟའ་ཚོའི་གཉེར་བ་རང་འདྲས་མ་བྱས་ཀྱང་།།
ཐབས་ཆགས་མི་འདུག་སྐྱིད་སྡུག་ལས་ཀྱིས་ཤེས།།
རང་གིས་སྡིག་བྱས་གྲོགས་ཀྱིས་མི་འཁུར་བས།།
རང་སྐྱིད་མི་ངོར་མ་འཚོང་མ་ཎི་ཐོན།།
མི་ཁྱི་ལྷམ་གསུམ་ཉེར་མཁོ་བེད་ཆོད་དུས།།
གཅེས་མདོག་བྱེད་མཁན་མང་སྟེ་བདེན་དོགས་མེད།།
རྒུད་ཚེ་དྲུད་པའི་གདོས་སུ་བརྩི་འགྱུར་གྱིས།།
རེ་ཆེའི་འབྲེལ་ཐག་ཆོད་ལ་མ་ཎི་ཐོན།།
མི་ཚེར་སྙོམ་ལས་ནང་དུ་མགོ་འཁོར་ཡང་།།
བཙད་པོའི་ཡར་འཐེན་ཟུར་ན་མེད་པའི་ངང་།།
འཇིགས་རུང་དམྱལ་བ་སྔུན་ནས་བུད་འགྱུར་གྱིས།།
རང་ཚོད་རང་གིས་ཟུངས་ལ་མ་ཎི་ཐོན།།
ཅི་ཙམ་བདུས་ཡང་གྲོགས་ལ་མགུ་དུས་དཀོན།།
འཕྲལ་དགའ་འདྲ་ཡང་གཡོན་ཅན་རྒྱུས་མི་ཤེས།།
ཐེང་ཅིག་མགུ་ཡང་ག་ལེར་རྗེས་མེད་འགྲོ། །
མཐུན་འཇུག་གཡེང་བ་ཐོངས་ལ་མ་ཎི་ཐོན།།
སྣོད་ལ་བཀྲག་མེད་འབྱུང་བཞིའི་ཆད་པ་རྒོད།།
བཅུད་ཀྱི་གཡང་ཉམས་ནད་མུག་འཁྲུགས་རྩོད་དར།།
འདི་འདྲའི་ཚེ་ལ་སྐྱིད་འདོད་བློ་རྒྱ་སྟུངས།།
སྐྱིད་མགོ་ཆོས་ཀྱིས་འཛུགས་ཕྱིར་མ་ཎི་ཐོན།།
བཅུད་ཀྱི་གཡང་ཉམས་ནད་མུག་འཁྲུགས་རྩོད་དར།།
འདི་འདྲའི་ཚེ་ལ་སྐྱིད་འདོད་བློ་རྒྱ་སྟུངས།།
སྐྱིད་མགོ་ཆོས་ཀྱིས་འཛུགས་ཕྱིར་མ་ཎི་ཐོན།།
བདུད་ཀྱི་མགོ་སྐོར་ཆོས་བརྒྱད་སྒྱུ་མའི་འཕྲུལ།།
རྨོངས་པའི་མིག་སྔར་བསྟན་འགྲོའི་དོན་ཆེན་དུ།།
མཐོང་ཡང་རང་གི་གཏན་ཆུས་འཆོར་འགྱུར་བས།།
གོག་པོའི་སྡེ་དགོན་སྐྱུར་ལ་མ་ཎི་ཐོན།།
ཐོག་མེད་འཁོར་བར་ངན་འགྲོའི་གཏིང་རུམ་དུ།།
རྨོངས་ཤིང་ལྐུགས་པའི་ལུས་མང་བླང་བས་སྐྱོ།།
ད་རེས་ལནགཅིག་སོས་དལ་སྨྲ་ཤེས་དུས།།
སྨྲ་ལྕེ་ཆུད་ཟར་ཕང་ངོ་མ་ཎི་ཐོན།།
སྔར་འདྲིས་གཉེན་གྲོགས་ཁྱུ་ནས་གཅིག་པུར་བུད།།
རྒྱུས་མེད་བར་དོའི་འཕྲང་ལ་འཇིགས་བཞིན་བཤར།།
ཅིས་ཀྱང་མི་བཟློག་ལས་ཀྱིས་དྲངས་པའི་ཚེ།།
མི་བསླུའི་མགོན་སྐྱབས་འགྱུར་རོ་མ་ཎི་ཐོན།།
འཇིགས་མེད་པས་སོ།།
ཡོང་ཁུངས།: རྡོ་གྲུབ་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། བདུད་འཇོམས་རིན་པོ་ཆེའི་དཔེ་མཛོད་ཁང་དུ་བཞུགས་པའི་ཤིང་པར་དང་ལག་བྲིས་འདྲེས་མ། བུདྡྷ་དྲྭ་ཐོག་དཔེ་མཛོད། (MW23627_0E1CD8) ཤོག་གྲངས། ༣༤༠-༣༥༢ ལས་དག་པར་བཤུས་ཏེ་ཕབ་པའོ།།
| འདིའི་ཆོས་དབྱངས་གསན་འདོད་ན། འདིར་སྣུན་ཏེ་གསོན་དང་། |


Comments
Post a Comment