Skip to main content

༸སྐྱབས་རྗེ་པད་ནོར་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན།

༸སྐྱབས་རྗེ་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པས་མཛད།


ཨོཾ་སྭསྟི།
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རབ་འབྱམས་དང་།།
རིགས་བརྒྱའི་ཁྱབ་བདག་ཨོ་རྒྱན་ཐོད་ཕྲེང་རྩལ།།
ཁྱད་པར་འཆི་མེད་ཚེ་ལྷའི་བྱིན་མཐུ་ཡིས།།
མགོན་ཁྱོད་བསྟན་འགྲོའི་དཔལ་དུ་འཚོ་གཞེས་གསོལ།།

གདོད་ནས་མི་འགྱུར་ཡེ་དག་ཆོས་སྐུའི་ཀློང་།།
འཕོ་མེད་བདེ་ཆེན་ཡེ་ཤེས་རྩལ་རྫོགས་ཀྱང་།།
སྙིགས་དུས་འགྲོ་ལ་ཕན་བདེའི་འོད་སྣང་འབྱེད།།
ས་གསུམ་སྐྱེ་དགུའི་འདྲེན་མཆོག་འཚོ་གཞེས་གསོལ།།

བི་མའི་གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་གར།།
གསང་སྔགས་བཀའ་གཏེར་མཛོད་ལ་མངའ་དབང་བསྒྱུར།།
ཕྱི་ནང་བདུད་སྡེའི་དཔུང་ཚོགས་ཟིལ་གནོན་ཏེ།།
སྔ་འགྱུར་བསྟན་པའི་རྒྱན་དུ་འཚོ་གཞེས་གསོལ།།

བསླུ་མེད་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང་།།
བདག་ཅག་དད་པས་གསོལ་བཏབ་བདེན་པའི་མཐུས།།
རྟག་བརྟན་གཞོམ་མེད་རྡོ་རྗེ་ལྟ་བུའི་སྐུར།།
ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།

ཅེས་གྱང་ཁང་སྤྲུལ་སྐུ་ཐུབ་བཟང་མཆོག་གིས་གཙོས། དཔལ་ཡུལ་བླ་གྲྭ་ཡོངས་ནས་གསུང་བསྐུལ་ངོར། གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་ཞེས། མཚན་གྱི་ཅོད་པན་འཆང་བ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་པའི་རྟེན་འབྱུང་དུ། ཕྱི་ལོ་ ༢༠༡༦ རབ་ལོ་ ༡༧ མེ་སྤྲེལ་ཟླ་ཚེས་བཟང་པོར། འབྲས་ལྗོངས་མཆོད་རྟེན་དགོན་ནས་རྡོ་གྲུབ་བཞི་པས་སྨོན་ཚིག་ཏུ་བརྗོད་པ་དགེ་ལེགས་སུ་གྱུར་ཅིག

Comments

Popular posts from this blog

མ་ཎི་བསྐུལ་བའི་ཚིགས་བཅད་སྐྱོ་ཤས་ཀྱི་ལྕགས་ཀྱུ།

རྡོ་གྲུབ་བསྟན་པའི་ཉི་མས་མཛད། ཨོཾ་མ་ཎི་པདྨེ་ཧཱུཾ། སྙིང་རྗེའི་དབང་ཕྱུག་རྒྱལ་བློན་འབངས་མི་དང་།། ལོ་པཎ་སྒྱུ་མའིརོལ་གར་སྣ་ཚོགས་སུ།། བསྟན་ནས་ཞབས་རྡུལ་བཀྲ་ཤིས་ཐིག་ལེ་དང་།། ལེགས་མཛད་བདུད་རྩིའི་འོད་ཀྱིས་བྱིན་བརླབས་པ།།

ཐུགས་རྗེ་ཆེན་པོའི་མ་ཎི་བསྐུལ་བའི་གསོལ་འདེབས།

གཏེར་སྟོན་མཆོག་གྱུར་གླིང་པས་མཛད། ༄༅།  །བོད་ཁམས་བདེ་ཐབས་ཡན་ལག་ཆོས༔ འགྲོ་དོན་མ་ཎི་བསྐུལ་བ་བཞུགས༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པའི་དོན་དུ་ མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདིའི་ནད་ཡམས་འཁྲུག་རྩོད་ཞི་བ་དང་བདེ་སྐྱིད་འཛོམ་པའི་ཕྱིར་དུ་ མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དཔལ་ལྡན་བླ་མ་དམ་པའི་དབང་ཡོན་མཎྜལ་དང་ཡུན་དུ་ཞབས་པད་བརྟན་ཅིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་དོན་དུ་ མ་ཎི་འུར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔

སེང་ཆེན་བསྟོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།

མཛད་པ་པོ།: མཁན་ཆེན་འཇིགས་མེད་ཕུན་ཚོགས། ན་མོ་གུ་རུ་ཨ་ཛི་ཏ་ཡེ།  རླབས་ཆེན་ཚོགས་ཟུང་རྟ་བདུན་གྱིས་བསྐྱོད་དེ།། ཕྲིན་ལས་ཕན་བདེའི་འོད་སྟོང་སྤྲོ་བས་ནི།། སྙིགས་ལྔའི་མུན་ཚོགས་གཞོམ་དང་ཆབས་ཅིག་ཏུ།། ཐུབ་བསྟན་འདབ་སྟོང་བཞད་མཛད་སེང་ཆེན་རྗེ།།